གསུམ་པ།བསྟོད་པའི་དོན་བཤད་པ་ལ།(藏文)

发表于 讨论求助 2022-08-11 14:23:52

多识仁波切——甘肃天祝藏族自治县朵什寺第六世寺主活佛,西北民族大学教授、博士生导师。本号覆盖1000000以上用户,欢迎关注!


 

གསུམ་པ།བསྟོད་པའི་དོན་བཤད་པ་ལ།

 

     བསྟོད་པའི་མཚན་ལ།

 

    རྒྱལ་བ་གཉིས་པ་འཇམ་དཔལ་སྙིང་བོ་ལ་ཁྱད་པར་བཞི་ལྡན་གྱི་ཚུལ་དུ་རབ་བསྔགས་དད་པའི་མེ་ཏོག་ཅེས་པ་ནི།རྗེ་བླ་མ་ཙོང་ཁ་བ་ལ་རྒྱལ་བ་གཉིས་པ་ཞེས་པའི་མཚན་ཐོགས་པའི་རྒྱུ་མཚན་བསྟན་པའི་སྙིང་བོ་སྟོང་བ་ཉིད་ས་སྟེང་ཀུན་ཏུ་ཁྱབ་པར་གསལ་བར་མཛད་པའི་ཆ་ནས་ཡིན་པར་མཁས་པ་སྔ་མ་རྣམས་ཀྱིས་གསུངས་ལས་བྱུང་ཞིང་དེ་ཡང་ཡིན་ངེས།བདག་ཅག་གི་སྟོན་པ་མཉམ་མེད་ཤཀྱཱའི་རྒྱལ་བོ་འདི་ཉིད་མཁྱེན་པ་བླ་ན་མེད་པ་དང་།སྟོན་པ་བླ་ན་མེད་པ་ཡིན་པའི་རྒྱུ་མཚན་ནམ།ཕྱི་རོལ་བའི་སྟོན་པ་གཞན་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་བླ་ན་མེད་པ་ནི།ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་།བརྩེ་བས་འགྲོ་བ་ཀུན་ལ་འདོམས་པར་མཛད་པའི་ཆ་ནས་ཡིན་ལ།སངས་རྒྱས་ཞེས་པ་ཡང་དེ་ཉིད་རྟོགས་པའི་དོན་ཡིན་པར་གསུངས་ཤིང་།རྟེན་འབྲེལ་བསྟོད་པར།གང་ཞིག་གཟིགས་ཤིང་གསུངས་པ་ཡིས།།མཁྱེན་དང་སྟོན་པ་བླ་ན་མེད།།ཅེས་པའི་གང་ཞིག་ཅེས་པའི་སྒྲས་ཆོས་ཀྱི་གནས་ལུགས་སྟོན་པ་ཡིན།སྟོན་པས་འཛམ་བུའི་གླིང་འདིར་མི་ལོ་ཞེ་ལྔའི་རིང་ལ་དམ་པའི་ཆོས་ཇི་སྙེད་ཅིག་བཀའ་བསྩལ་བ་རྣམས་ཀྱི་སྙིང་བོའི་སྙིང་བོར་གྱུར་བ་ནི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཉག་གཅིག་ཡིན་ལ།མདོ་དེ་ལ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་།སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ཡོད་ལ།སློབ་དཔོན་ཀླུ་སྒྲུབ་ཀྱིས་རིགས་ཚོགས་མཛད་དེ་ཤེར་ཕྱིན་གྱི་དངོས་བསྟན་ཟབ་མོ་སྟོང་བ་ཉིད་ཀྱི་ལྟ་བ་གསལ་བར་མཛད་པས་སངས་རྒྱས་གཉིས་པ་ཞེས་པའི་མཚན་ཐོགས།དེ་བཞིན་དུ་གངས་རིའི་ལྗོངས་འདིར་ཡང་མཁས་པའི་སྐྱེས་པོ་སྔ་ཕྱིར་མང་དུ་བྱོན་ཀྱང་།བསྟན་པའི་སྙིང་བོ་སྟོང་བ་ཉིད་ཀྱི་དོན་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བས་བཀྲལ་བ་ཇི་ལྟ་བ་བཞིན་དུ་གསལ་བར་སྟོན་པ་ལ་རྗེ་བླ་མ་དང་འདྲ་བ་སྔོན་་ཆད་བྱུང་མ་མྱོང་བས་རྒྱལ་བ་གཉིས་པ་ཞེས་པའི་མཚན་དེ་རྗེ་བླ་མར་དངོས་དབང་གིས་ཐོབ་པ་ཡིན་ཏེ།ས་བཟང་ལོ་ཙཱ་བས།ཀླུ་སྒྲུབ་ཡབ་སྲས་ཞིང་གཞན་གཤེགས་པ་ན།།དབུ་མའི་་ལམ་འདི་སྟོན་མཁན་གཞན་མེད་ཅེས།།སྒྲོ་སྐུར་བྲག་རིའི་ཕུང་བོ་གཞོམ་སླད་དུ།།མགོན་ཁྱོད་རྡོ་རྗེ་མེ་ཆར་ལྟ་བུར་གྱུར།།བློ་བཟང་ཁྱོད་ནི་ཐུབ་དབང་གཉིས་པ་ཡིན།།ཞེས་དང་།ཀརྨ་མི་བསྐྱོད་རྡོ་རྗེས།བྱང་གི་ཕྱོགས་འདིར་རྒྱལ་བའི་བསྟན་པ་ལ།།ཕར་ཆེར་ལོགས་པ་འབའ་ཞིག་སྤྱོད་པའི་སྐབས།།འཁྲུལ་མེད་ཕྱི་དོར་མཛད་པའི་ཙོང་ཁ་བ།།ཞེས་དང་།གཟུགས་སོགས་གཟུགས་ཀྱི་ངོ་བོས་མི་སྟོང་ཡང་།།རང་བཞིན་གྱིས་གྲུབ་གཟུགས་ཀྱིས་སྟོང་བ་ཡི།།སྟོང་ཉིད་སྨྲ་བའི་ཁྱུ་མཆོག་ཙོང་ཁ་བ།ཞེས་པར་བསྔགས་ཤིང།མི་ཕམ་རིན་པོ་ཆེའི་བསྟོད་པ་འདིར་ཡང་།སྲས་བཅས་རྒྱལ་བའི་དགོངས་དོན་མ་ནོར་བ།།སྟོང་དང་རྟེན་འབྱུང་ཟབ་མོའི་དེ་ཉིད་ལ།།ཡིད་ཆེས་གཏིང་ནས་རྙེད་པའི་སྒོ་གཅིག་བུ།།ཁྱོད་ཀྱི་ལེགས་བཤད་རྣམས་ལས་གཞན་པ་སུ།།ཞེས་གསུངས་སོ།འཇམ་དཔལ་སྙིང་བོ་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཚན་གྱི་རྣམ་གྲངས་ཡིན་ལ།རྗེ་བླ་མ་ནི་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས་དང་ཐུགས་རྒྱུད་གཅིག་པའམ་ཟབ་མོ་སྟོང་བ་ཉིད་ཀྱི་ཆོས་སྟོན་པའི་ཆ་ནས་འཇམ་པའི་དབྱངས་དང་མཛད་པ་མཚུངས་པས་འཇམ་མགོན་བླ་མ་དང་འཇམ་དཔལ་སྙིང་བོ་ཞེས་པར་གྲགས་པའམ།ཡང་ན།འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པའི་མཛད་པའི་རྗེའི་གསང་རྣམ་ལས།དགའ་ལྡན་གནས་སུ་མི་ཕམ་ཆོས་རྗེ་དྲུང་།།རྒྱལ་བའི་སྲས་བོ་འཇམ་དཔལ་སྙིང་བོ་ཞེས།།འཇམ་པའི་དབྱངས་དང་གསང་བའི་བདག་པོ་ཡིས།།གསལ་བར་ལུང་བསྟན་རྗེ་བཙུན་ཆོས་ཀྱི་རྗེ།།ཞེས་དང་།གྲུབ་ཆེན་ལས་ཀྱི་རྡོ་རྗེར་གསང་བའི་བདག་པོས་ལུང་བསྟན་པ་ལས།བློ་བཟང་གྲགས་པ་འགྲན་ཟླ་ཀུན་དང་བྲལ།།ཤཱཀྱའི་རྒྱལ་བོའི་དྲུང་དུ་སེམས་མཆོག་བསྐྱེད།།ཞིང་འདིར་མདོ་དང་སྔགས་ཀྱི་གཞུང་ལུགས་སྤེལ།།འདི་ནས་འཕོས་ཏེ་དགའ་ལྡན་གནས་སུ་འགྲོ།།འཇམ་དཔལ་སྙིང་བོ་བྱམས་པའི་སྲས་མཆོག་སྟེ།།མྱུར་དུ་འཚང་རྒྱ་དེ་བཞིན་གཤེགས་པར་འགྱུར།།ཞེས་པའི་དོན་དུ་སྣང་ངོ།།

 

     ཁྱད་པར་བཞི་ལྡན་གྱི་ཚུལ་དུ་རབ་བསྔགས་ཞེས་པའི་ཁྱད་པར་བཞི་ནི།དང་བོར་རྒྱ་ཆེན་ཐོས་པ་མང་དུ་བཙལ་བའི་ཁྱད་པར།བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་ང་ཁྱད་པར།ཐ་མར་ཐོས་དོན་ཉམས་སུ་བླངས་པའི་ཁྱད་པར།ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་་པའི་ཁྱད་པར་ཏེ་བཞིའོ།

 

     ཁྱད་པར་བཞི་བོ་འདིའི་ནང་དུ་རྗེ་བླ་མའི་སྐུ་ཚེ་གང་གི་མཛད་པ་ཡོངས་རྫོགས་འདུས་ཡོད་དེ།རྗེ་བླ་མའི་རང་རྣམ་རྟོགས་བརྗོད་འདུན་ལེགས་མར།དང་བོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།།བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།ཐ་མར་ཉི་མཚན་ཀུན་ཏུ་ཉམས་སུ་བླངས།།ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།།ཚུལ་འདི་བསམས་ཤིང་འདུན་མ་ལེགས་ནས་གདའ།།ཞེས་པར་བྱུང་ངོ།རབ་བསྔགས་ནི་བསྟོད་པའི་དོན་དང་།དད་པའི་མེ་ཏོག་ཅེས་པ་ནི་དད་པ་མེ་ཏོག་གི་གཟུགས་སུ་བཀོད་པའོ།དེ་ཡང་མེ་ཏོག་ནི་ལྷའི་མཆོད་རྫས་ཕུལ་དུ་བྱུང་བ་ཡིན་པས།སེང་ག་ལ་དང་ཐཱེ་ལན་ཏ་སོགས་ཐེག་དམན་པའི་ཆོས་སྡེ་རྣམས་སུ་མཆོད་རྫས་གཙོ་བོ་མེ་ཏོག་ཡིན་ལ།བོད་བརྒྱུད་ནང་བསྟན་མར་མེ་འབུལ་བ་གཙོ་བོར་བྱེད་པ་དང་།རྒྱ་བརྒྱུད་ནང་བསྟན་ལ་སྤོས་ཐུར་སྒྲོན་པ་གཙོ་བོར་བྱེད་པ་སོགས་ཆ་རྐྱེན་དང་གོམས་གཤིས་ལས་རྒྱུ་མཚན་གཞན་ཡོད་པར་མ་ཤེས་སོ།མཚན་དོན་ནི་དེ་ལྟར་ཡིན་ལ།

 

                                                                   བསྟུད་མར་འགོད་རྒྱུ་ཡིན།


喜欢的同修,请在页尾点赞。阅读开智慧,分享积功德;分享越多;福报越大。



欢迎添加微信号:

duoshi88(可长按复制)


长按识别2维码

关注多识活佛

发表
26906人 签到看排名